གླེང་སྟེགས།

Saturday, June 19, 2010

ཡིག་བརྒྱའི་འགྲེལ་བ་བཞུགས་སོ།

ཡིག་བརྒྱ་བཞུགས་སོ།
{(ཞང་ཞུང་སྐད་དུ།)བསྭོ་མུ་ཡེ་སྤྲོས། ཁྱུང་ཡེ་ལམ། ཏྲི་ཁྲི། ཏར་དར། བསམ་པ་འོད་དཔག་རམ་སྭཧཱ། བསྭོ་དམུ་ར་ཏ་ཧན། ཝེར་ནི་བྲུམ་ཧྲུན། མུ་ཏྲེ་མུ་ཏྲེ། དམུ་ར་མི་ཏྲེ། མུ་ཡེ་མུ་ཡེ། ཧ་ར་མུ་ཡེ། མུ་སྤྲོས་མི་སྤྲོས། ཝེར་རོ་མུ་སྤྲོས། མུ་ནི་གྱེར་རོ། ཡེ་ཁྱབ་ཁ་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུ་ལ་ཝེར་རོ། ན་ཧུ་ཏ་ཀ། ཤུད་དྷོ་ཤུད་དྷོ།་དུ་ཤུད་དྷོ་ཡ། སལེ་སལེ། ཏྲི་སལེ་ཡ། སངེ་སངེ་སུ་སངེ་ཡ། དམུ་ར་ཏ་ཧན། ཁྲི་ཙེ་དྲུང་མུ། ཧ་ཧ་བྲུམ་བྲུམ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊ་ཕཊ། }
(བཀའ་འགྱུར་ལས་དྲངས།)
རྗེ་གཅིག་གཤེན་རབ་རྣམ་པར་རྒྱལ། འགྲོ་བའི་དོན་དུ་ཐུགས་རྗེས་སྟོབས་བཞི་བཤད། ཡོན་ཏན་དེ་ཡིས་སྒྲིབ་པའི་ཚོགས་རྣམས་བྱང༌། སྙིང་པོ་ངེས་པའི་དོན་དུ་གཟུངས་བཤད་པ། རྣམ་དབྱེ་ཅི་ལགས་ཁོ་མོས་ཅུང་མ་འཚལ། གསལ་ལ་ཞིབ་ཏུ་སྤྲོས་ལ་བཤད་དུ་གསོལ། དེ་ལ་སྟོན་པ་གཤེན་རབ་ཀྱིས་བཀའ་བརྩལ་པ། རིགས་ཀྱི་བུ་མོ་དེ་དེ་བཞིན་ནོ། གསལ་བར་དབྱེ་བ་འདི་ལྟ་སྟེ། །བསྭོ་ནི་སྔགས་ཀྱི་འགོ་འདྲེན་ཡིན། སྐུ་གསུམ་འོད་ཟེར་སྤྲོས་པའི་སྒྲའོ། དམུ་ར་ཏ་ཧན་ནི་གཤེན་རབ་མི་བོ་ཉིད་དོ། ཝེར་ནི་རྣམ་པར་རྒྱལ་བའི་སྒྲ། བྲུམ་ནི་ཞིང་ཁམས་གཞལ་ཡས་གྲུབ། ཧྲུན་ནི་བརྟན་པར་བཞུགས་སུ་གསོལ། མུ་ཏྲེ་རྣམ་པ་གཉིས་གནས་པ། ངོ་བོ་ཉིད་སྐུ་བོན་གྱི་སྐུ། ཟག་མེད་རྣམ་དག་རང་བཞིན་དང༌། སེམས་བྱུང་ཡེ་ཤེས་བོན་གཉིས་སོ། དམུ་ར་གཤེན་ཉིད་དེའི་ངོར་གྲུབ། མུ་ཏྲེ་སངས་རྒྱས་ཐམས་ཅད་ཀྱི། ཡེ་ཤེས་བསྐྱེད་ཡུལ་རྣམ་པར་སྣང༌། འདྲེན་པ་རྣམས་ཀྱི་རྣམས་ཀྱི་རྟོགས་བྱ་ལ། བོན་སྐུའི་རང་བཞིན་ཉིད་དུ་བསྟན། མུ་ཡེ་རྣམ་པ་གཉིས་གང་དག རྫོགས་སྐུ་ཉིད་དང་ངེས་པའི་སྐུ། རྫོགས་ནི་མཚན་ཉིད་ལོངས་སྤྱོད་རྫོགས། ངེས་པའི་སྐུ་འཁོར་བོན་གནས་དུས། ཧ་ར་ཡེ་ཤེས་ལྔ་པོ་ལས། མུ་ཡེ་དེ་བཞིན་འགྱུར་མེད་དུ། མཁའ་གནས་ས་བཅུ་སེམས་དཔའ་ཡིས། རྣམ་འདྲེན་སྤྱོད་ཡུལ་ཚོགས་ཀྱི་ཞིང༌། རྫོགས་སྐུའི་ཁྱད་པར་ཉིད་དུ་བསྟན། མུ་སྤྲོས་རྣམ་པ་གཉིས་བསྟན་དག སྤྲུལ་སྐུ་ཉིད་དང་མ་ངེས་སྐུ། དང་པོ་སྟོན་མཆོག་ཉིད་ཡིན་ཏེ། གཉིས་པ་དེ་ལས་ངེས་མེད་སྤྲུལ། ཝེར་རོ་རྒྱལ་པོའི་ལམ་ལྔའི་དག མུ་སྤྲོས་དེ་བཞིན་གྲངས་མེད་དུ། སོ་སོའི་ཁམས་ཀྱི་གདུལ་བྱ་ལ། མཛད་པ་ཐེག་པ་སྟོན་པ་རྣམས། གཅིག་ལས་འབུམ་སྤྲོས་སྤྲུལ་སྐུའོ། མུ་ནི་གནས་ལུགས་ངོ་བོ་ཉིད། ནི་ནི་དོན་དམ་ཇི་ལྟ་བ། གྱེར་རོ་ཇི་སྙེད་མཁྱེན་པའི་བོན། ཡེ་ནི་འདུལ་ཞིང་མཁའ་མཉམ་ལ། ཁྱབ་བྱེད་འདུལ་བྱེད་སྟོན་པ་སྟོང༌། ཁ་རོ་འོད་ཟེར་འགྱེད་པའོ། སྤྲོས་པ་གཡུང་དྲུང་སེམས་དཔའི་ཚོགས། བདལ་པ་འདུལ་ཞིང་རབ་འབྱམས་བློ། ཧྲི་ཧོ་རིག་པའི་ཡེ་ཤེས་བསྐྱེད། ཝེར་ནི་རྒྱལ་ནི་རྣམ་པར་རྒྱལ། དེ་ཡང་རང་བཞིན་དང་ནི་བདུད། ཤུ་ལ་ཝེར་རོ་བགེགས་ལས་རྒྱལ། ན་ཧུ་ཏ་ཀ་སྡིག་ཐམས་བཅད། ཤུདྷོ་ཁྲུས་དང་ཡེ་ཤེས་ཁྲུས། དུ་ནི་ཞེ་སྡང་དམྱལ་བ་དག ཤུདྷོ་ཡ་ནི་དི་ཡི་ཁྲུས། སལེ་གསལ་དང་ཡེ་ཤེས་གསལ། ཏྲི་ནི་འདོད་ཆགས་བགེགས་ཡིད་དྭགས། སལེ་ཡ་ནི་ཡོངས་དག་བྱེད། སངེ་དག་དང་རྣམ་པར་དག སུ་ནི་གཏི་མུག་དོན་བྱོལ་སོང༌། སངེ་ཡ་ཡིས་རྣམ་སང་བྱེད། དམུ་ར་ཏ་ཧན་ཞེས་པ་ནི། བདག་དང་བདག་ལ་སོགས་པ་ཡི། རྫོགས་པའི་སངས་རྒྱས་སྟོང་རྩ་གཅིག། ཁྲི་རྩེ་དྲུང་མུ་ཞེས་པ་ནི། འབྲས་བུ་གཡུང་དྲུང་ཐོབ་པར་བྱེད། ཧ་ཧ་ཐབས་ལས་ཤེས་སྦྲེལ། བྲུམ་བྲུམ་ཞིང་ཁམས་མཐའ་ཡས་བསྒྲུབས། ཧོ་ཧོ་སྐུ་ལས་སྐུ་བསྐྱེད་པས། ལམ་ལམ་འགྲོ་དོན་འགགས་པ་མེད། ཧཱུྃ་ཧཱུྃ་ཐུགས་ལས་ཐུགས་རྗེ་སྤྲུལ། ཕཊ་ཕཊ་དྲག་པོའི་འཕྲིན་ལས་ཀྱིས། ཞི་བས་མ་ཐུལ་ལོག་པ་རྣམས། ཁྲོ་བོས་སྐུ་སྤྲུལ་བསྒྲལ་བར་བྱེད། དེ་ལྟར་གཟུངས་ཀྱི་དེ་ཉིད་ལས། ཐམས་བཅད་བཤད་ཀྱི་མི་ལང་ཡང༌། ཞུས་རྣམས་མོས་པ་མི་བཅག་ཕྱིར། མདོར་བསྡུས་ཅུང་ཟད་བསྟན་པའོ། སེམས་ཀྱི་དཀྱིལ་དུ་ཕོབ་པར་གྱིས། ཞེས་སྟོན་པ་གཤེན་རབ་མི་བོས་བཀའ་བསྩལ་བའོ།

0 མཆན།: